Gyari Rinpoche image

༈ ཐུགས་རྗེ་ཆེ།

༄༅།། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༩ ཉིན་རྒྱ་རི་རིན་པོ་ཆེ་མཆོག་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་འཛམ་གླིང་ས་ཕྱོགས་གང་ས་ནས་རིན་པོ་ཆེ་མཆོག་ལ་གུས་བརྩི་ཆེན་པོའི་སྒོ་ནས་རྗེས་དྲན་གུས་འདུད་ཞུ་བ་དང་། མ་བསྐུལ་དང་བླང་གིས་མཆོད་འབུལ་སྨོན་ལམ་ཚོགས་པ། དེ་བཞིན་གུས་རྗེས་ཤུལ་ནང་མི་གཉེན་ཉེ་ཚོར་སེམས་གསོའི་འཚམས་འཕྲིན་གྲངས་ལས་འདས་པ་ཞིག་གནང་འབྱོར་བྱུང་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

རྒྱ་རི་རིན་པོ་ཆེ་དམ་པ་ཁོང་ལ་ཕྱི་ནང་མི་རིགས་མང་པོས་དེ་འདྲའི་གུས་བརྩི་ཆེན་པོ་གནང་བ་དེས། ཁོང་ནི་ངེད་ཤ་རུས་འབྲེལ་བའི་ནང་མི་གཉེན་ཉེ་ཚོ་ཙམ་མ་ཟད། སྐུ་ཚེའི་རིང་དངོས་སུ་འབྲེལ་འདྲིས་བྱུང་བའི་གྲོགས་པོ་དང་ལས་རོགས། དེ་བཞིན་རྒྱབ་སྐྱོར་བ་བགྲང་གིས་མི་ལངས་པ་ཞིག་ཡོད་པ་དེ་དག་ཚང་མའི་ནང་མི་ལྟ་བུར་གྱུར་འདུག་སྙམ་པའི་སེམས་ཚོར་ཆེན་པོ་བྱུང་། ངེད་ཚོར་རྐྱེན་ངན་གོད་ཆག་ཆེན་པོ་འདི་ལྟར་བྱུང་བའི་སྐབས་སུ་ཁྱེད་ཚོ་ཚང་མས་ཟོལ་མེད་ཀྱི་བརྩེ་གདུང་འཆང་བ་འདིས་སེམས་གསོ་ཆེན་པོ་ཐོབ་བྱུང་། ལྷག་དོན་མི་མང་པོས་རྒྱ་རི་རིན་པོ་ཆེ་མཆོག་ནི་སྐུ་ཧྲིལ་པོའི་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་རིགས་ཀྱི་བདེ་དོན་ཆེད་ངལ་བ་དུ་མ་ཁྱད་དུ་བསད་ནས་ཞབས་ཕྱི་ཞུ་མཁན་གྱི་རྒྱལ་གཅེས་པ་ཞིག་ཡིན་པའི་རྗེས་དྲན་ཞུས་པ་ནི་དེ་བས་ཀྱང་སེམས་ཤུགས་སྐྱེད་གཞིར་བྱུང་།

ད་རིང་རྒྱ་རི་རིན་པོ་ཆེ་དམ་པ་དེའི་ཞག་བཞི་བཅུ་ཞེ་དགུའི་འདས་མཆོད་ཡིན་པས། ད་བར་ཁོང་གི་ཆེད་རྗེས་དྲན་གུས་འདུད་དང། མཆོད་འབུལ་སྨོན་ལམ། ནང་མི་གཉེན་ཉེ་ཚོར་སེམས་གསོའི་འཚམས་འཕྲིན་གནང་མཁན་ཚང་མར་རེ་རེ་བཞིན་ཐུགས་རྗེ་ཆེ་ཞུ་ཐབས་བྲལ་རུང་། ད་རིང་གི་གོ་སྐབས་འདི་དང་བསྟུན་ཡོངས་ཁྱབ་བསྒྲགས་འདི་བརྒྱུད་ཚང་མར་ལག་ཟུང་སྙིང་ཁར་རོལ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས། རྒྱ་རི་ཁྱིམ་ཚང་ཐུན་མོང་ནས་བོད་རབ་གནས་ས་ཁྱི་ལོའི་ཟླ་ ༡༡ ཚེས་ ༡༠ དང་། ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༧ ཉིན་སྤེལ།། །།
Gyari Rinpoche Butter Lamp

Gyari Family

would like to humbly acknowledge the overwhelming messages of condolence received by us at the demise of Gyari Rimpoche. It was a revelation that he belonged not just to us but to a much larger family - one that comprised of his cherished colleagues, friends and numerous well-wishers who he met in the course of his life’s journey- all of whom joined us in our prayers and helped us stay strong in this time of loss and reflection. That Gyari Rimpoche is remembered by so many as a Patriot who relentlessly served H.H The Dalai Lama and the Tibetan People provides us the solace and strength to carry on.

On this 49th day of prayers in his memory, we would like to thank each and everyone who has reached out to us in prayer and condolence.

17th December,2018